KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩  པའི་ཉིན་མཐའ་མར་༧རྒྱལ་དབང་ཀརྨ་པའི་བཀའ་སློབ་དང་གནས་ཚུལ་སྙིང་བསྡུས།

བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩  པའི་ཉིན་མཐའ་མར་༧རྒྱལ་དབང་ཀརྨ་པའི་བཀའ་སློབ་དང་གནས་ཚུལ་སྙིང་བསྡུས།

ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༡ པའི་ཉིན། སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་ཉིན་ལྟར་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དང་། ༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་ཀྱི་དབུས་པའི་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་པའི་སེར་སྐྱ་མི་དམངས་ཡོངས་སྨོན་ལམ་གྱི་ཆོས་རར་འདུས་པ་ན། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེགས་པར་བསྩལ་གནང་། དེ་ནས་དབུ་མཛད་ཆེན་མོས་དབུ་འདྲེན་ནས་འདུས་པ་ཡོངས་ནས་ལེགས་སྦྱར་གྱི་ཞལ་འདོན་གནང་། སྨོན་ལམ་གྱི་ཉིན་དེ་ལ། མདོ་སྡུུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་དང་། གསང་འདུས་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། དམིགས་བསལ་གྱིས་མདོ་རྒྱུད་ཀུན་ནས་བསྔགས་པར་མཛད་པའི་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་དཀྱིལ་འཁོར་ཀུན་གྱི་གཙོ་བོ་བླ་མ་བསྒྲུབས་པར་མཛད། ཆོ་ག་ནི། སྤྱི་ལོ་ ༢༠༠༥ ལོར་ཡུལ་ཝ་རཱ་ན་སི་ལ་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པས་ཕྱོགས་སྒྲིག་གནང་བའི་མདོ་ལུགས་བླ་མ་མཆོད་པའི་ཆོ་ག་ཞེས་པ་དེ་ཡིན། སྨོན་ལམ་གྱི་ཆོས་རར་བླ་མ་མཆོད་པ་འཚོག་བཞིན་པ་ན་ལོ་གསུམ་ཕྱོགས་གསུམ་མཐར་ཕྱིན་པའི་སྒྲུབ་བླ་བརྒྱ་ཕྲག་ལ་ཉེ་བ་ཡིས་རས་འབུད་བཤར་གནང་། རས་འབུད་བཤར་སྐབས་སྒྲུབ་བླ་རྣམས་གཏེར་སྒར་དགོན་ནས་ཕེབས་ཏེ་སྨོན་ལམ་གྱི་ཆོས་རའི་རྒྱ་སྒོ་བརྒྱུད་སྨོན་ལམ་གར་སྟེགས་ཐོག་གི་གཡས་ཕྱོགས་སུ་རིམ་གྱིས་བཞུགས། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་ཆེན་པོ་ཡང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ནས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་བཞུགས། དེ་ནས་བཀའ་བརྒྱུད་ཀྱི་བཤད་གྲྭ་ཁག་གི་སློབ་ཕྲུག་འགའ་ཞིག་ནས་རིགས་ལུང་གཏོང་ཞིང་། དགུན་ཆོོས་ཐེངས་ཉེར་ལྔ་པའི་རྩོད་འགྲན་སྐབས་དམ་བཅའ་དང་བརྩོན་འགྲུས། དེ་བཞིན་རྟགས་གསལ་རྩེ་ཕུད་རྣམས་ལ་གསོལ་རས་སྩལ་གནང་། མཐར་བླ་མ་མཆོད་པའི་མཇུག་ལེགས་པར་གྲུབ་ནས་འདུས་པ་ཀུན་གུང་ཚིགས་ལ་རོལ། 

ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་༧སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་མཆོག་བཀའ་བརྒྱུད་སྨོན་ལམ་གྱི་ཆོས་རར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ཞིང་། བཀའ་བརྒྱུད་སྨོན་ལམ་ཚོགས་པ་དང་དད་ལྡན་སྦྱིན་བདག་ཁ་ཤས་ནས་༧རྒྱལ་མཆོག་ཀརྨ་པ་ཆེན་པོ་མཆོག་དང་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རྣམ་གཉིས་ལ་བཀའ་དྲིན་བཏང་རག་ཏུ་མནྜལ་སྐུ་གསུང་ཐུགས་རྟེན་རྒྱས་པ་འདེགས་འབུལ་བྱས་ཤིང་། དེ་རྟིང་༧ སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་མཆོག་ནས་ལོ་འདིའི་བཀའ་བརྒྱུད་སྨོན་ལམ་གྱི་སྦྱིན་བདག་གལ་ཆེན་རྣམས་ལ་སྦྱིན་བདག་ཡོན་བསྔོ་མཛད། 
དེ་ནས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་ཐད་གཏོང་དྲ་རྒྱ་བརྒྱུད་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་པའི་འདུས་པ་ཡོངས་བཀའ་སློབ་བསྩལ་བ་འདི་ལྟར། 
  "ད་ཐོག་མར་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པ་ལ་ཆིབས་བསྒྱུར་གནང་བའི་༧རྒྱལ་བའི་དོན་གྱི་རྒྱལ་ཚབ་ཆེན་པོ་དྲུང་གཽ་ཤྲཱི་རིན་པོ་ཆེ་མཆོག་གི་དབུས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་དད་ལྡན་ཕོ་མོ་ཡོངས་སུ་རྫོགས་པ་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡ་ཡིན། 

  ད་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་བཅུ་གྱ་གྲངས་ནང་ལ་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་ཞི་བར་གཤེགས་པ་རྣམ་པ་གཉིས་ཀྱི་ཐུགས་བསྐྱེད་ལ་བརྟེན་ནས་ཐོག་མར་བཟང་སྤྱོད་སྨོན་ལམ་འཚོགས་ནས་ས་བོན་བསྐྲུན་ཐུབ་པ་བྱུང་ཡོད། དེ་ན་༧སྐྱབས་རྗེ་ཞི་བར་གཤེགས་པ་འབོ་དཀར་རིན་པོའི་ཐུགས་བསྐྱེད་ལ་བརྟེན་ནས་ཀཾ་ཚང་སངྒྷ་སྨོན་ལམ་ཞེས་པ་འཚོགས་པ་རེད། ཚང་མས་མཁྱེན་གསལ་རེད། 
དེ་རིམ་པས་ཡར་རྒྱས་ཕྱིན་ཏེ་བཀའ་བརྒྱུད་སྨོན་ལམ་ཞེས་མཚན་འགྱུར་ཏེ། རིས་མེད་པའི་གྲུབ་མཐའ་ཆོས་བརྒྱུད་ཚང་མ་འཛོམས་ས་དང་། ལྷག་པར་དུ་བཀའ་བརྒྱུད་པའི་གྲྭ་བཙུན་ཐམས་ཅད་འཛོམས་ས་བྱས་ཏེ་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་པོ་བྱེད་ས་ཆགས་ཡོད། 

དེ་ཡང་ལོ་རྒྱུས་དེ་ཡར་དེད་པ་ཡིན་ན་ཀརྨ་པ་སྐུ་ཕྲེང་བདུན་པ་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་སྐབས་ལ་སྒར་ཆེན་སྨོན་ལམ་ཞེས་པ་ཡོད་སྡོད་པ་རེད། སྒར་ཆེན་སྨོན་ལམ་ཞེས་པ་གཙོ་བོ་ཆོ་འཕྲུལ་སྨོན་ལམ་སྐབས་རེད། དགུ་པ་ལྷ་བབ་དུས་ཆེན་སོགས་སྟོན་པའི་རྒྱལ་བའི་དུས་ཆེན་བཞིའི་སྐབས་ལ་སྨོན་ལམ་ཆེན་པོ་ཚོགས་གནང་། དེའི་སྐབས་སུ་སྒར་ཆེན་ལ་རྟེན་གན་རྡོ་ལ་གཙོ་བོར་འགྱུར་པའི་རྟེན་ཁྱད་པར་དུ་འཕགས་པ་མང་པོ་བཤམས། དེའི་མདུན་ལ་མཆོད་པའི་ཚོགས་རྒྱ་ཆེན་པོ་བཤམས། རང་གཞན་གྱི་དགེ་ཚོགས་བསྒྲུབ་རྒྱུ་ལ་སྨོན་ལམ་རྒྱ་ཆེན་པོ། སྨོན་ལམ་རླབས་ཆེན་པོ་དེ་འདྲ་ཚོགས་གནང་གི་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་སྨོན་ལ་ཆེན་མོ་འདི་འཚོག་རྒྱུ་འདི་བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་གོང་འཕེལ་ཡོད་པའི་མཚོན་རྟགས་ཆེ་ཤོས་ཆགས་ཀྱི་ཡོད། 

   ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་དུས་ལ་སོག་པོའི་དམག་ཡོང་ནས་སྒར་ཆེན་འདི་དག་གཏོར་བཤིག་བཏང་། དེ་ནས་སྒར་ཆེན་སྨོན་ལམ་ཟེར་བ་དེ་མེད་པ་རེད། དེ་འདྲ་ཡིན་དུ་ད་ལྟ་ང་ཚོར་གནས་མཆོག་རྡོ་རྗེ་གདན་ལ་སྨོན་ལམ་འཚོགས་རྒྱུ་ཡོད་བསྡད་པ་དང་། དེའི་ཐོག་ལ་དགེ་འདུན་པ་ཕོན་ཆེན་པོ་འཛོམས་ནས་རང་གཞན་གྱི་དགེ་ཚོགས་རྒྱ་ཆེན་པོ་བསྒྲུབ་ཡ་ཡོད་བསྡད་པ་དེ་ལོ་རྒྱུས་ཀྱི་ཕྱོགས་ནས་དོན་སྙིང་ཆེན་པོ་ཞིག་ཆགས་ཀྱི་ཡོད། 
ཕྱོགས་གཞན་དག་ནས་བཤད་ན་ང་ཚོ་བཀའ་བརྒྱུད་ཀྱི་དགོན་པ་རྣམས་སོ་སོའི་དགོན་པའི་ནང་ལ་ཚོགས་པ་ཆེ་ཆུང་མང་དུ་འཚོག་རྒྱུ་ཡོད། ཡིན་ནའང་ང་ཚོ་མཉམ་དུ་འཛོམས་ནས་འདོན་པ་འདོན་རྒྱུའི་གོ་སྐབས་དེ་ལོ་རེ་རེའི་མཇུག་ལ་ཐེངས་རེ་རེ་ཞིག་ཡོང་གི་ཡོད། ལྷག་པར་དུ་བཀའ་བརྒྱུད་སྨོན་ལམ་ཆ་མཚོན་པ་ཡིན་ན་དགོན་ཁག་ཚང་མ་འཛོམས་བྱས་ནས་མཆོད་འབུལ་བྱེད་ཡ་དང་སྨོན་ལམ་བྱེད་ཡ་ཡི་གོ་སྐབས་ཤིག་ཡོང་གི་ཡོད། དེ་འདྲ་ཡིན་དུ་བཀའ་བརྒྱུད་དགོན་པ་ནང་ཕན་ཚུན་ངོ་ཤེས་ཆགས་ཡ་དང་། འདྲིས་ཡོང་རྒྱུ་སོགས་ལ་གོ་སྐབས་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེ་ཙམ་གྱིས་མ་ཟད་འཛམ་གླིང་ཕྱོགས་མཐའ་ཁག་ནས་དད་ལྡན་མང་པོ་ཞིག་ཕེབས་ཀྱི་ཡོད། དུས་ཚོད་དགུན་ཁའི་རིང་ལ་གནས་སྐོར་འགྲོ་མཁན་ཚོ་ལའང་གནམ་གཤིས་ཡག་པོ་ཡོད་པ་དང་། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་གནས་སྐོར་བ་མང་པོ་ཞིག་ཡོང་གི་ཡོད། དེའི་ཞར་ལ་བཀའ་བརྒྱུད་སྨོན་ལམ་ལ་ཡོང་ཞིང། གང་ལྟར་འཛམ་གླིང་ཕྱོགས་མཐའ་ཁག་མང་པོ་ཞིག་ནས་དད་ལྡན་མང་པོ་ཞིག་འཛོམ་རྒྱུའི་དུས་བཟང་པོ་ཞིག་ཆགས་ཀྱི་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་ཟེར་བ་དེ་ཕྱོགས་གང་ཅིའི་ཐད་ནས་གལ་ཆེན་པོ་ཞིག་དང་དོན་སྙིང་ཡོད་བསྡད་པ་ཞིག་རེད་དྲན་གྱི་འདུག །

ད་ཡིན་ནའང་འདས་པའི་ལོོ་གཉིས་གསུམ་གྱི་རིང་ལ། ཕྱོགས་གཅིག་ནས་རིམ་ནད་ཀྱིས་རྐྱེན་བྱས་ཏེ་ཕར་ཚུར་འགྲོ་བསྐྱོད་བྱ་རྒྱུར་ལ་སྟབས་བདེ་བོ་མེད་པ་བྱས། དེའི་སྟེང་ལ་ང་རང་ཕར་ལ་མེད་པ་ཡིན་དུས་ཙ་ནས། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་ལ་ཡོང་མཁན་གཙོ་བོ་ཕྱི་རྒྱལ་མི་རྣམས་ཏོག་ཙམ་ཉུང་དུ་ཆགས་པའི་གནས་སྟངས་ཤིག་ཆགས། ད་ཡིན་ནའང་གོང་དུ་ཞུས་པ་བཞིན་བཀའ་བརྒྱུད་སྨོན་ལམ་འཚོག་ཡ་དེ་འཇིག་རྟེན་པའི་འདུ་འཛོམས་བྱེད་པ་ནང་བཞིན་ཁྲ་ཁྲ་ཟིང་ཟིང་བྱེད་ཡ་དང་། འུར་སྒྲ་རྒྱབ་ཡ་དེ་འདྲ་ཙམ་མིན་པར་དངོས་གནས་དྲང་གནས་གྱིས་རང་དང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་ཚོགས་བསྒྲུབ་ཡ་ཆགས་ཀྱི་ཡོད། ཟིང་ཟིང་འུར་འུར་ཙམ་ཆགས་ཀྱི་མེད། དེ་འདྲ་ཡིན་དུས་མི་མང་ཉུང་ལ་མ་ལྟོས་པར་བཀའ་བརྒྱུད་སྨོན་ལམ་དེའི་དོན་སྙིང་དང་དམིགས་ཡུལ་མ་བརླག་པ་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་དེ་ལ་ཚང་མས་སྔོན་མ་ཡིན་ནའང་མཐོང་ཆེན་གནང་གི་ཡོད་རེད། མ་འོངས་པ་ལའང་བཀའ་བརྒྱུད་སྨོན་ལམ་ཟེར་བ་དེ་གལ་ཆེན་པོ་ཡིན་པ་ཞིག་དང་། སྔར་ལོ་རྒྱུས་ཀྱི་ཆ་ནས་བསམ་ནའང་རེད། ད་ལྟའི་བསྟན་པའི་གནས་སྟངས་ཆ་ནས་བསམ་ནའང་གནད་འགག་ཆེན་པོ་ཞིག་ཡོད་སྡོད་པ་ར་སྤྲོད་ཡོང་དགོས་ཡ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག །

 ད་རེས་སྨོན་ལམ་འདིའི་ཐོག་ལ་༧རྒྱལ་བའི་རྒྱལ་ཚབ་ཆེན་མོ་དྲུང་གཽ་ཤྲཱི་རིན་པོ་ཆེ་ནས་སྔོན་འགྲོའི་གསུང་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་གནང་ནས་བཀའ་དྲིན་ཆེན་པོ་བྱུང་། སྐུ་གསུམ་ངོ་སྤྲོད་དེ་ཀརྨ་པའི་ཁྱད་ཆོས་ཤིག་ཆགས། དེའང་ཀརྨ་པ་པཀྴི་ཡིས་རྩལ་དུ་སྟོན་ནས་ཀརྨ་པའི་ཁྱད་ཆོས་སུ་ཡོངས་སུ་གྲགས་པ་ཆགས་ཀྱི་ཡོད། དེ་འདྲ་བའི་གདམས་ངག་ཟབ་མོ་དེ་༧རྒྱལ་བའི་རྒྱལ་ཚབ་མཆོག་གི་ཞལ་སྔ་ནས་ང་ཚོ་ཚང་མས་ཐོབ་ཐུབ་ཡ་ཤིན་ཏུ་བསྐལ་པ་བཟང་པོ་བྱུང་བ་དེ་ཚང་མས་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་རེད། སྤྱིར་རིན་པོ་ཆེ་ཏོག་ཙམ་སྐུ་གཟུགས་བདེ་མིན་གྱི་གནས་སྟངས་ཡོད་ནའང། ཐུགས་ཞུམ་པ་མེད་པའི་ཐོག་ནས་བཀའ་ཆོས་གནང་བ་དེ་ལ་ཚང་མས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 
གཉིས་པ་དེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་ཆ་མཚོན་པ་ཡིན་ན་ད་ལོ་དམིགས་བསལ་གྱིས་ཁྲི་འདོན་མཛད་སྒོ་གནང་།ཚང་མས་མཁྱེན་མཁྱེན་པ་རེད། སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་གོང་མ་དེ་སྤྱིར་བཀའ་བརྒྱུད་ཀྱི་བསྟན་པ། ཡང་སྒོས་སུ་བཀའ་བརྒྱུད་སྨོན་ལམ་ལ་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཆགས་ཡོད། དེ་འདྲ་ཡིན་དུས་ད་ལན་བཀའ་བརྒྱུད་སྨོན་ལམ་སྐབས་སུ་མཆོག་སྤྲུལ་རིན་པོ་ཆེ་ཁྲི་འདོན་མངའ་གསོལ་ཞུས་པ་དང་སྒོ་བསྟུན་བྱས་ནས། བཀའ་བརྒྱུད་སྨོན་ལམ་སྐབས་སུ་ལ་ཆོས་འབྲེལ་གནང་ན་ཡག་པོ་མིན་འགྲོ་སྙམ་པ་དང་། དེ་ཡང་སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མའི་ཐོག་ནས་ཆོས་འབྲེལ་གནང་ན་དམིགས་བསལ་གྱིས་རྟགས་རྟེན་འབྲེལ་དང་ལས་དང་སྨོན་ལམ་ཡོང་གི་མིན་འགྲོ་སྙམ་ནས་ང་རང་ངོས་ནས་གསོལ་བ་བཏབ། རིན་པོ་ཆེའི་ངོས་ནས་སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་ཀྱི་བཀའ་ཁྲིད་གནང་ནས་རྟེན་འབྲེལ་དགེ་ཀུན་འཛོམས་པ་བྱུང་བ་རེད། རིན་པོ་ཆེ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་། 

  དེ་བཞིན་ང་ཚོ་བཀའ་བརྒྱུད་སྨོན་ལམ་ག་དུས་འཚོགས་པ་ཡིན་ནའང་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་པ་གཉིས་ཕེབས་བྱས་ནས་བཀའ་དྲིན་ཆེན་པོ་བསྐྱངས་གནང་བ་རེད། རིན་པོ་ཆེ་རྣམ་པ་གཉིས་བཀའ་བརྒྱུད་ཀྱི་བླ་སྤྲུལ་ནང་ནས་མཛད་འཕྲིན་རྒྱས་པོ་ཡོད་བསྡད་པ། སྔར་དང་དེང་དུས་ཀྱི་ཤེས་ཡོན་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྡོད་པ་དེ་འདྲ་ཞིག་ཆགས་བསྡད་ཀྱི་ཡོད། རིན་པོ་ཆེ་རྣམ་པ་གཉིས་མ་འོངས་པ་ལ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ལ་ང་ཚོ་ཚང་མས་རེ་བ་ཆེན་པོ་བྱེད་ས་དང་ཡིད་ཆེས་ཆེན་པོ་ཞུ་སྡོད་ས་ཆགས་ཀྱི་ཡོད། རིན་པོ་ཆེ་རྣམ་པ་གཉིས་མ་འོངས་པ་ཡིན་ནའང་། ཁ་ཚང་སྔོན་མ་༧སྐྱབས་རྗེ་ཟུར་མང་དགའ་དབང་རིན་པོ་ཆེ་ལ་གསུང་ཆོས་གནང་རོགས་གནང་ཞེས་ཞུ་རྒྱུ་བྱུང་སོང་དེ། དེ་དུས་རིན་པོ་ཆེ་མཛད་འཕྲིན་ཡོད་པ་བྱས་ནས་ད་རེས་གནང་ཐུབ་ཀྱི་མི་འདུག་ཅེས་གསུངས་ཀྱི་འདུག །ལོ་རྗེས་མ་ལ་ཟུར་མང་སྙན་བརྒྱུད་དེ་ངོ་སྤྲོད་གནང་ཐུབ་ན་ཡག་པོ་མིན་འགྲོ །ཀཾ་ཚང་ནང་ལ་ཟུར་མང་སྙན་བརྒྱུད་དེ་ཟུར་མང་བཀའ་བརྒྱུད་གཅིག་པུ་མ་གཏོགས་གཞན་དག་འདི་ཚོ་དོ་སྣང་མེད་པའི་བཟོ་འདྲ་བའི་རྣམ་པ་འདུག །བྱས་ཙང་ཆོས་ཀྱི་འབྱུང་ཁུངས་གང་འདྲ་ཡིན་པ་ངོ་སྤྲོད་བཀའ་སློབ་གནང་ཐུབ་ན་ཡག་པོ་མིན་འགྲོ་དྲན་གྱི་འདུག །དེ་བཞིན་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ལ་མཚོན་ན་འཛམ་གླིང་ཤར་ནུབ་ཚང་མར་མཛད་འཕྲིན་རྒྱས་བྱས། ལྷག་པར་དུ་སྒོམ་ཁྲིད་གནང་ནས་དམིགས་བསལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཆགས་ཡོད་རེད། སྔར་ཡང་སྨོན་ལམ་གྱི་སྐབས་སུ་སྒོམ་ཁྲིད་གནང་ནས་ཡག་པོ་བྱུང་ཡོད། མ་འོངས་པ་ཡིན་ནའང་སྒོམ་ཁྲིད་གནང་རྒྱུ་སོགས་པ་ལ་མུ་མཐུད་དེ་གནང་ཡ་རེ་བ་དང་ཡིད་ཆེས་ཞུ་སྡོད་ཀྱི་ཡོད། དེ་མ་ཡིན་པ་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་ནི་འབོ་དཀར་རིན་པོ་ཆེ་སྐུ་གོང་མ་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས། ལོ་རྟག་པར་རྒྱུན་མ་ཆད་པ་བྱས་ནས་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་ཀྱི་ཡོད། མ་འོངས་པ་ཡིན་ནའང་མུ་མཐུད་དེ་ཕེབས་ཡ་དང་། གཙོ་བོ་མཁན་རིན་པོ་ཆེ་དགུང་ལོ་མཐོན་པོ་འདྲ་བོ་རེད་དེ། སྐུ་གཟུགས་ག་ལ་གང་འཚམས་ཡག་པོ་ཡོད། འབོ་དཀར་རིན་པོ་ཆེ་སྐུའི་འཁྲིས་ལ་ཡོད་བསྡད་པ་དེ་ང་ཚོ་ཚང་མ་བློ་བདེ་བོ་ཞིག་དང་། ཚང་མས་དགའ་སྤོབས་སྐྱེ་འོས་པ་ཞིག་ཡོང་སྡོད་ཀྱི་ཡོད། འདི་ཚོ་ཐོག་ལ་ཡིན་ནའང་མཁན་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ་ཡ་དང་། མཁན་རིན་པོ་ཆེ་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་རིང་པོ་བཞུགས་ཡ་ལ་ལོ་སྔོན་མ་ནས་ཞུས་པ་ནང་བཞིན་མུ་མཐུད་དེ་ཐུགས་ཀྱིས་འཕེན་པ་བཏང་བྱས་ནས་བཞུགས་དགོས་འདུག་ཅེས་ཞུ་ཡ་ཡིན། 

ད་གཤམ་ལ་འདས་པའི་ལོ་གཅིག་གི་ནང་ལོག་ལ་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་མཛད་པ་དང་ཕྱག་རྗེས་ཆེན་པོ་ཡོད་སྡོད་པའི་བླ་མ་ཁ་ཤས་གཞན་ལ་གཤེགས་པ་བྱུང་བ་རེད། དེའི་ནང་ནས་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་ལ་ཆ་མཚོན་ན་བོད་ནས་སྐུ་མཚམས་རྒྱུན་རིང་པོ་བཞུགས་ནས་གྲུབ་པའི་ཉམས་རྟོགས་མཐོན་པོ་ལ་གཤེགས་ཟིན་པ་དེ་འདྲ་ཞིག་རེད། བཙན་བྱོལ་ལ་ཕེབས་པའི་རྗེས་ལའང་རུམ་བཏེག་སོགས་ལ་ལུས་སྦྱིན་བཏང་ཡ་མཚོན་པའི་བཀའ་དྲིན་ཆེན་པོ་ཞེད་པོ་རེད། ད་ལྟ་རུམ་བཏེག་བཤད་གྲྭའི་ནང་ནས་ཐོན་པ་མང་པོ་ཞིག་རིན་པོ་ཆེའི་སློབ་མར་མ་གྱུར་པ་མེད་པ་རེད། ད་ལྟ་རིན་པོ་ཆེ་དགོངས་པ་རྫོགས་ནས་ཡིད་སྐྱོ་བོ་བྱུང་བ་རེད། ཡིན་ནའང་སྐྱེས་བུ་དམ་པ་འདི་ཚོའི་སེམས་ཅན་གྱིས་དོན་བསྒྲུབ་རྒྱུའི་ཐུགས་བསྐྱེད་སྨོན་ལམ་ལ་དུས་ཚོད་ཡོལ་ཡ་འདྲ་བོ་དང་།  དེ་གཅིག་མེད་པ་ཆགས་འདྲ་ཡ་ཡོད་མ་རེད། དེ་འདྲ་ཡིན་དུས་མ་འོངས་པར་བསྟན་པ་དང་འགྲོ་བའི་དོན་དུ་ཡང་ནས་ཡང་དུ་འཇིག་རྟེན་གྱི་ཁམས་སུ་ཕེབས་ནས་གདུལ་བྱ་སྐྱོང་ཡ་ཡི་གསོལ་བ་སྨོན་ལམ་ཞུ་གི་ཡོད། 
དེ་བཞིན་སྐྱོ་བྲག་བསྟན་སྙིང་རིན་པོ་ཆེ་ལ་ཆ་མཚོན་ནའང་རྒྱལ་དབང་སྐུ་གོང་མས་ངོས་འཛིན་གནང་བཞག་པ་དེ་འདྲ་ཞིག་ཡིན་ས་རེད། སྐྱོ་བྲག་དགོན་པའི་བླ་མ་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། འབའ་རོམ་བཀའ་བརྒྱུད་ཀྱི་ནང་ལ་ལོ་རྒྱུས་ཡོད་སྡོད་པ་ཞིག་རེད། ཁོང་ཡང་གློ་བུར་དུ་དགོངས་པ་རྫོགས་ཤིང་། སྤྱིར་བཏང་དགུང་ལོ་ཆུང་ཆུང་རེད་དེ་གློ་བུར་དུ་དགོངས་པ་རྫོགས་བྱས་ང་ཚོ་ཚང་མ་ལ་སེམས་ཕམ་པོ་དེ་འདྲ་བྱུང་བ་རེད། དེ་བཞིན་འབྲི་གུང་བཀའ་བརྒྱུད་པའི་ཆོས་རྗེ་ཨ་ཡང་རིན་པོ་ཆེ་ཡང་འཕོ་བ་ཆེན་པོ་ལ་སོགས་པའི་སྒོ་ནས་འཛམ་གླིང་ཤར་ནུབ་ལ་སོགས་པར་མཛད་འཕྲིན་རྒྱས་པོ་དང་། དམིགས་བསལ་དུ་ང་རང་ལ་འབྲེལ་བ་ཆེན་པོ་ཡོད་བསྡད་པ་རེད། རིན་པོ་ཆེ་ཡིན་ནའང་༧རྒྱལ་དབང་ཀརྨ་པ་སྐུ་གོང་འོག་ཚང་མ་ལ་དད་པ་དང་ཞེན་ཁོག་གཞན་དང་མི་འདྲ་བ་ཡོད་རེད། དེ་འདྲ་ཡིན་དུས་རིན་པོ་ཆེ་ད་རེས་དགོངས་པ་རྫོགས་པ་དེ་ལ་ང་རང་ཡིན་ནའང་སེམས་ཕམ་པོ་ཞེ་དྲག་བྱུང་། རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་ཡ་དང་། མ་འོངས་པར་བསྟན་པ་དང་འགྲོ་བའི་དོན་མུ་མཐུད་དེ་བསྐྱང་བའི་ཆེད་དུ་ཚང་མས་ཐུགས་སྨོན་གནང་རོགས་གནང་ཞུ་རྒྱུ་ཡིན།

དེ་བཞིན་ཚེ་འདིར་མཚོན་པ་ཡིན་ན་བཀའ་དྲིན་ཆེ་ཤོས་ཕ་དང་མ་ཆགས་ཀྱི་ཡོད། ངའི་ཕ་ཀརྨ་དོན་གྲུབ་བཀྲ་ཤིས་འདས་གྲོང་དུ་གྱུར་པ་ཆགས་ཀྱི་ཡོད།  དེའི་སྐོར་ལ་ཕ་འདས་གྲོང་དུ་གྱུར་དུས་སྐད་ཆ་ཚིག་ཁ་ཤས་བཤད་དགོས་བསམ་བྱུང་མོད། སྐད་ཆ་དེ་བཤད་ཡོང་ཡ་མི་འདུག ཚོར་བ་དེ་མང་དྲག་ནས་ཕར་ཚིག་ཏུ་བརྗོད་ཡ་དཀའ་ལས་ཁག་པོ་འདྲ་ཞིག་འདུག །གང་རེད་ཟེར་ན། ལོ་ཉི་ཤུ་རྩ་གྲངས་ཤིག་མ་ཐུག་པ་རེད། ལོ་མང་པོ་ཞིག་ལ་མ་ཐུག་པར་མཐའ་མ་དེ་ལ་གྲོང་སོང་བ་རེད། ང་རང་ཡིན་ནའང་མི་ཚེའི་ནང་ལ་འགྱོད་པ་ཆེན་པོ་ཞིག་ཡོང་གི་རེད་ལ། ཨ་ཕ་ཁོ་རང་བསམ་བློ་རྒྱ་ཆེན་པོ་གཏོང་མཁན་ཞིག་ཡིན་དུས་ཏོག་ཙམ་དྲག་གི་རེད་བསམ་པ་དྲན་གྱི་འདུག །ངས་དེ་ལ་དཔེ་མཚོན་ཞིག་ཞུ་ན། ལོ་མང་པོ་ཞིག་ལ་ཐད་ཀར་འབྲེལ་བ་མེད། སྔོན་མ་ང་རྒྱ་གར་ལ་སྡོད་པའི་སྐབས་སུ་ཐད་ཀར་འབྲེལ་བ་བྱེད་ཕོད་ཀྱི་མེད། ངའི་སྲིང་མོ་འདི་ཚོ་བརྒྱུད་ནས་འབྲེལ་བ་བྱེད་པ་མ་གཏོགས། མཚམས་མཚམས་ལོ་གཅིག་གི་ནང་ལ་ཐེངས་གཉིས་ཙམ་སྐད་ཆ་བཤད་ཙམ་བྱ་རྒྱུ་མ་གཏོགས་འབྲེལ་བ་བྱེད་ཕོད་ཀྱི་མེད། དེ་ནས་ཨ་ཕ་མ་གྲོང་གོང་ལོ་གཅིག་གཉིས་གོང་ལ་འབྲེལ་བ་ཞིག་བྱས་ནས་སྐད་ཆ་ཞིག་བཤད་ན་མ་གཏོགས། སང་ཉིན་ཨ་ཕ་གྲོང་དུས་འགྱོད་པ་སྐྱེས་ཡོང་བསམ་ནས། ང་རང་གིས་འབྲེལ་བ་བྱས་མཚམས་མཚམས་སྐད་ཆ་འདྲ་བཤད་ཀྱི་ཡོད། ཐོག་མར་ང་རང་འབྲེལ་བ་བྱས་པའི་སྐབས་ལ། སྤྱིར་བཏང་ཨ་ཕ་ལ་ན་ཚ་ཞིག་ཡོད། དེའི་རྐྱེན་བྱས་ནས་ལོ་བཅུ་གཅིག་ཚད་ཉལ་ས་ནང་ལ་ལུས་རེད། དེ་འདྲ་ཡིན་དུས་སྐད་ཆ་ཞེ་དྲག་བཤད་ནུས་ཀྱི་མི་འདུག ངའི་ཨ་མ་འཁྲིས་ལ་ཡོད་དུས་ཙ་ནས་ད་གཅིག་ཞུས་ཟེར་ནས་སྐད་ཆ་ཚིག་གཅིག་རེ་གཉིས་རེ་འདོན་གྱི་འདུག །སྐད་ཆ་དང་པོ་ལ་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་ཟེར། དེ་ནས་ཡང་གོ་རྒྱུ་མི་འདུག །ཡང་ཏོག་ཙམ་ནས་ཨ་མས་ཨུ་ཚུགས་རྒྱབ་ཏེ་སྐད་ཆ་ཞུས་ཟེར། དེ་ནས་ཨ་ཕས་ང་ལ་གང་ལབ་སོང་ཟེར་ན། བཀའ་བརྒྱུད་ཀྱི་བསྟན་པ་དེ་དར་རྒྱས་གང་འདྲ་སེ་ཡོད་ཅེས་དྲིས་སོང་། ངས་ལོ་མང་པོ་ཞིག་ལ་སྐད་ཆ་མ་བཤད་པ་རེད། གློ་བུར་དུ་བཀའ་བརྒྱུད་ཀྱི་བསྟན་པའི་སྐོར་ལ་སྐད་ཆ་འདྲི་ཡོང་ཞེས་སེམས་ནང་ལ་བསམ་བསམ་ཡོད་མ་རེད། ཅི་བཤད་འདི་བཤད་མེད་པ་འདྲ་ཆགས་སོང་། ད་ཡག་པོ་ཡག་པོ་ཆགས་ཀྱི་འདུག་ཟེར་ཡ་མ་གཏོགས་ཞེ་དྲག་བཤད་རྒྱུ་མེད་པ་ཆགས་སོང་། བྱས་ཙང་ཨ་ཕ་ཁོ་རང་ནམ་རྒྱུན་ནས་བསམ་བློ་རྒྱ་ཆེན་པོ་གཏོང་སྡོད་མཁན་ཞིག་རེད། ལྷག་པར་དུ་བཀའ་བརྒྱུད་ཀྱི་བསྟན་པ་ལ་བསམ་བློ་གཏོང་སྡོད་མཁན་ཞིག་ཡིན་པ་དེ་ར་སྤྲོད་གསལ་པོ་བྱུང་། དེ་ལ་བརྟེན་བྱས་ངས་འདིར་འབོར་ཤོབ་མིན་ཏེ། ང་རང་ཚོ་བཀའ་བརྒྱུད་ཀྱི་ནང་ལོག་བླ་མ་སྤྲུལ་སྐུ་ཁ་ཤས་ཀྱིས་དེ་ག་ཙམ་བསམ་བློ་གཏོང་ཐུབ་ཀྱི་ཨ་ཡོད་ན་བསམ་དྲན་གྱི་འདུག། །བྱས་ཙང་གང་ལྟར་ཁོ་རང་བསམ་བློ་རྒྱ་ཆེན་པོ་གཏོང་ཐུབ་མཁན་ཞིག་དང་། བསྟན་པ་དང་སེམས་ཅན་གྱི་དོན་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་དང་། ཁོ་རང་སྒེར་གྱི་དཀའ་སྡུག་ལ་རྩིས་མེད་དུ་གཏོང་ཐུབ་མཁན་དེ་འདྲ་ཞིག་རེད། དེ་འདྲ་ཏོག་ཙམ་དྲག་གི་རེད། ཡིན་ནའང་ག་ཚོད་བསམ་བློ་གཏོང་ནའང་ལོ་མང་པོ་གཅིག་ལ་མ་ཐུག་པ་བྱས། ཨ་ཕ་ཁོ་རང་ལོ་མང་པོ་ཞིག་ལ་ན་ཚ་ཤུགས་ཆེན་པོ་བཏང་། ན་ཚ་དེ་འདྲ་ཡོད་ནའང་ད་དུང་མ་ཤི་བྱས་བསྡད་ཡ་དེ་ཕྱོགས་གཅིག་ནས་ང་དང་ཐུག་ཡོང་བསམ་བྱས་ནས་སྡོད་པ་མིན་འགྲོ་བསམ་བསམ་འདྲ་བ་ཞིག་དྲན་གྱི་འདུག །གང་ལྟར་མཐའ་མ་ཐུག་ཡ་བྱུང་ཡོད་མ་རེད། ཡིན་ནའང་རྟེན་བཟང་པོ་ཞིག་ཐོབ་ཡོད་པ་ཞིག་དྲན་གྱི་འདུག གདེང་ཚོད་གང་མཚམས་འདུག །ཡིན་ནའང་འདིར་འདུས་པ་ཚང་མས་ཐུགས་སྨོན་རྒྱ་མི་ཆུང་བ་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན། 

དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཉེ་ཆར་དགོངས་པ་རྫོགས་འདུག། །ཁོང་ཡིན་ནའང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་ལ་མི་སྣ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད། ང་དང་ཡང་ཁོང་ཐེངས་གཅིག་གཉིས་ཙམ་མཇལ་མྱོང་ཡོད། ཁོང་གཞན་དང་མི་འདྲ་བ་ཞིག་རེད། བསམ་བློ་གཏོང་ཐུབ་མཁན་དང་། ཀླད་པ་སྤྲུག་ཐུབ་མཁན་ཞིག་ཆགས་བསྡད་ཀྱི་ཡོད། ནམ་རྒྱུན་བོད་པའི་མི་མང་པོ་ཞིག་ཐུག་གི་ཡོད། བོད་པའི་མིའི་ནང་ལ་ཁོང་ནང་བཞིན་ཡོད་བསྡད་པ་དཀོན་པོ་མིན་འགྲོ་བསམ་གྱི་འདུག །ཉེ་ཆར་དགོངས་པ་རྫོགས་པ་རེད། དེ་འདྲ་ཡིན་དུ་ཁ་སང་༧གོང་ས་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་བཞིན་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་༧གོང་ས་ཆེན་པོ་མཆོག་ལ་ཞབས་ཞུ་སྒྲུབ་ཐུབ་མཁན་ཚད་དང་ལྡན་པ་ཞིག་ཐུགས་བསྐྱེད་ཡོད་པ་ཞིག་ཡིན་ས་རེད། དེ་ལྟ་བུ་འགྲུབ་ཐུབ་པའི་ཐུགས་སྨོན་གནང་རོགས་གནང་ཞུ་ཡ་ཡིན། 
དེ་བཞིན་ད་ལྟ་འཛམ་བུའི་གླིང་གི་གནས་སྟངས་འཁྲུག་པོ་འདུག་ག །དམག་རྒྱག་སྡོད་ཡ་དང་། མང་པོ་ཞིག་མི་མཐུན་པ་ཆགས་བྱས་ཤོག་ཁག་ཏུ་གྱུར་ཏེ་ཕན་ཚུན་འཐབ་རྩོད་བྱས་སྡོད་པའི་གནས་སྟངས་ཤིག་ཡོང་གི་འདུག རང་བྱུང་གི་འབྱུང་བའི་འཇིག་པ་ཡིན་ནའང་མང་པོ་ཡོང་སྡོད་ཀྱི་ཡོད་རེད། ལྷག་པར་དུ་འཛམ་བུ་གླིང་གི་འཁོར་ཡུག་གི་གནས་སྟངས་ཡག་པོ་མེད་པ་ཡིན་དུས་མ་འོངས་པར་འབྱུང་བའི་འཇིག་པ་དེ་མང་དུ་འགྲོ་ཡ་མ་གཏོགས་ཉུང་དུ་འགྲོ་ཡ་ཡི་རེ་བ་མེད་པ་འདྲ། ད་ལོར་ཆ་མཚོན་ན་བོད་ལ་ས་ཡོམ་གོད་ཆག་བྱུང་ནས་མི་མང་པོ་ཤི་རྨས་བྱུང་བ་དེ་འདྲ་རེད། ཨ་རི་ལ་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་བའི་མེ་སྐྱོན་བྱུང་བ་དང་། ར་ཤི་ཡ་དམག་རྒྱབ་སྡོད་ཡ་དང་། གྷ་ཟཱ་ལ་ད་ལྟ་ཞི་འཇམ་ཆགས་པ་རེད་མ་གཏོགས་མི་མང་པོ་ཞིག་ཤི་རྨས་ཆགས་བྱས་གནས་ཚུལ་སྡུག་ཅག་ཞེད་པོ་བྱུང་བ་རེད། འདི་ཚོའི་ཐོག་ལ་ཡིན་ནའང་ང་ཚོས་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་ཚང་མ་འཛམ་བུ་གླིང་ས་ཡི་གོ་ལ་གཅིག་གི་སྟེང་ལ་འཚོ་གནས་བྱས་ཏེ་སྡོད་ཡོད། རྒྱལ་ཁབ་གཅིག་ལ་གནས་ཚུལ་བྱུང་བ་དེ་ཡིས་དངོས་དང་བརྒྱུད་ནས་ང་རང་ཚོ་ལ་ཕན་གནོད་ཡོང་གི་འདུག་ག།།དེ་འདྲ་ཡིན་དུས་ང་ཚོའི་རྒྱལ་ཁབ་དེ་ལ་ཞི་འཇམ་བདེ་འཇགས་ཡོད་དུས་ཙ་ནས་གཞན་དག་རྒྱལ་ཁབ་ལ་གང་བྱུང་ནའང་བྱུང་བསམ་བློ་གཏོང་རྒྱུ་མི་འདུག །དེང་སང་ང་ཚོ་ཚང་མ་གཅིག་གིས་གཅིག་ལ་ལྟོས་པ་ཞིག་དང་གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པ་ཆགས་དུས། གཅིིག་ལ་སྐྱོན་བྱུང་བ་ཡིན་ན་དེའི་ཤུགས་ཀྱིས་ང་རང་ཚོ་ཚང་མ་ལ་སྐྱོན་ཡོང་སྡོད་ཡ་ཞིག་དང་། ཉམས་རྒུད་ཡོང་སྡོད་ཡ། བདེ་འཇམ་ཞི་འཇགས་མི་ཡོང་བའི་དཀའ་ངལ་མང་པོ་ཕྲད་ཀྱི་ཡོད། དེ་འདྲ་ཡིན་དུས་ང་ཚོ་ཚང་མས་འཛམ་གླིང་འདི་བདེ་དོན་ཆེད་དུ་ཐུགས་སྨོན་གནང་དགོས་གལ་ཆེན་པོ་ཡིན། ང་ཚོ་ཐེག་པ་ཆེན་པོ་ཡིན་ཟེར་གྱི་ཡོད་རེད། སེམས་ཅན་ཐམས་ཅད་སོ་སོའི་བསམ་འོག་ལ་བཅུག་ཡོད་ཟེར་གྱི་ཡོད་རེད། སེམས་ཅན་ཐམས་ཅད་ཕར་ཟད་ཚུར་ཟད་རེད། དང་པོ་སྔོན་ལ་འཛམ་བུ་གླིང་གི་འདི་ཡི་ཐོག་ལ་ཡོད་པའི་སེམས་ཅན་ཐམས་ཅད་བསམ་པའི་འོག་ལ་བཅུག་གི་འདུག་མི་འདུག་བསམ་བློ་གཏོང་ཡ་དེ་གལ་ཆེན་པོ་འདུག། །

མཐའ་མ་དེ་ལ་དོན་དག་གཉིས་ཞུ་ཡ་ཡོད། 
སང་ཉིན་༧བྱམས་མགོན་སི་ཏུ་རིན་པོ་ཆེ་དང་། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རྣམ་པ་གཉིས་ལ་བརྟན་བཞུགས་འབུལ་ཡ་རེད། བརྟན་བཞུགས་དེ་རྩ་གསུམ་དྲིལ་སྒྲུབ་ཅེས་ཀར་ལུགས་ཐུན་མོང་མ་ཡིན་པ་རང་བྱུང་རྡོ་རྗེའི་དགོངས་གཏེེར་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་འབུལ་རྒྱུ་རེད། བརྟན་བཞུགས་འབུལ་བའི་ཆོ་ག་དེ་ངས་ཟླ་བ་ལྔ་དྲུག་ལ་དཀའ་ལས་བརྒྱབ་ཏེ་བྲིས་པ་ཡིན། དེ་རིང་འགྲེལ་བཤད་རྒྱག་ཡ་དུས་ཚོད་མེད་པ་ཡིན་དུས་ཙ་ནས་འགྲེལ་བཤད་རྒྱབ་མ་དགོས་པ་བྱས། གང་ལྟར་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་དེ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་ཚན་ཁ་ཡོད་བསྡད་པ་ཞིག་དང་། དེ་བཞིན་ཀརྨ་ཀཾ་ཚང་གི་ཕ་ཆོས་ཐུན་མོང་མ་ཡིན་པ་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་བརྟན་བཞུགས་ཕུལ་ནས། གཙོ་བོ་རིན་པོ་ཆེ་རྣམ་པ་གཉིས་རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་སྲས་བཞི་ཞེས་ཞུ་གི་རེད། དེང་སང་གཉིས་མ་གཏོགས་བཞུགས་ཡོད་མ་རེད། རིན་པོ་ཆེ་རྣམ་པ་གཉིས་སྐུ་ཚེ་ཞབས་པད་བརྟན་དགོས་པ་དེ་ང་རང་ཚོ་ཀརྨ་ཀཾ་ཚང་གི་བསྟན་འགྲོའི་དོན་ཆེན་ཞིག་ཆགས་བསྡད་ཡོད་རེད། དེ་ལ་ཚང་མས་ཐུགས་སྨོན་སྐྱབས་མཇུག་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། 

དོན་ཚན་གཉིས་པ་དེ། སྤྱིར་བཏང་འཛམ་གླིང་ཚང་མ་ལ་ཚ་དྲོད་ཆེ་རུ་ཕྱིན། ལོ་རྟག་པར་ཚ་བ་ཆེ་རུ་ཆེ་རུ་འགྲོ་གི་འདུག། དགེ་འདུན་པ་ཚང་མ་སྔོན་མ་ནང་བཞིན་གུར་ནང་ལ་བཞུགས་ཡ་དེ་སྐུ་ངལ་ཡོད་རེད། ཉིན་མའི་གུང་ལ་ཚ་བ་ཆེ་བའི་དཀའ་ངལ། སྔ་དགོང་གྲང་ཆེ་བའི་དཀའ་ངལ་ཡོང་གི་ཡོད། སྐབས་རེ་སྦྲུལ་འཛུལ་ཡོང་གི་འདུག་བྱས་ནས་དཀའ་ངལ་མང་པོ་ཞིག་ཡོང་སྡོད་ཀྱི་ཡོད། ད་ལོ་ང་ཚོ་ཚོགས་འདུ་འཚོགས་དུས་སྐད་ཆ་བྱུང་བ་རེད། དེའི་སྐབས་ལ་སང་གནང་བཀའ་བརྒྱུད་སྨོན་ལམ་འཚོག་དུས་སྐབས་ལ་དགེ་འདུན་པ་བཞུགས་ས་སྔར་ལས་ཡག་ཙམ་གང་འདྲ་བྱེད་དགོས་འདུག་ཅེས་ང་ཚོོས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ནས། སང་གནང་སྨོན་ལམ་འཚོགས་པའི་སྐབས་ལ་དགེ་འདུན་པའི་བཞུགས་ས་སྔར་ལས་སྲུང་སྐྱོབ་ཆེ་བ་ཞིག་དང་། བཞུགས་ས་སྤྲོ་བ་ཞིག་འབད་བརྩོན་ཞུ་གི་ཡིན། ང་ཚོའི་འགན་འཛིན་བླ་མ་ཀརྨ་ཆོས་གྲགས་ཡིན་ནའང་གྲ་སྒྲིག་ཨང་གསར་བྱས་ཏེ་སྔོན་མ་ནས་ཁང་པ་རྒྱག་གི་ཡིན་གསུངས་ཡོད། དེ་ལ་ངས་རྟ་དང་མ་སོང་ན་རྟ་ཁ་བཀག་གིན་མ་བྱས་ན་ཁང་པ་བརྒྱབ་ཚར་ས་ཡོད། གང་ལྟར་ཡང་ང་ཚོས་གྲོས་བསྡུར་བྱས་ཏེ་སང་གནང་ལོ་ལ་དགེ་འདུན་པ་བཞུགས་ས་གང་མཚམས་ཀྱི་སྤྲོ་བོ་དང་། སྲུང་སྐྱོབ་ཆེ་བ་བྱུང་ན་བསམ་ནས་ང་ཚོ་ཚང་མས་རེ་བ་བྱེད་ཀྱི་ཡོད། ལགས་སོ། །དེ་མ་གཏོགས་གཞན་ཞུ་ཡ་མི་འདུག །ཚང་མར་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་ཞུ་ཡ་ཡིན། 

དེ་ནས་གཙོ་བོ་ཐེག་པ་ཆེན་པོ་ལ་བསྔོ་བ་ཟེར་བ་དེ་གལ་ཆེན་པོ་རེད། སོ་སོའི་དགེ་བ་ཆུང་ཆུང་ཞིག་མ་གཏོགས་མ་བསགས་ནའང་དེ་དམིགས་ཡུལ་རྒྱ་ཆེན་པོ་ཞིག་ལ་བསྔོ་ན་རང་བཞིན་གྱིས་དགེ་བ་རྒྱ་ཆེན་པོ་ཆགས་འགྲོ་ཡ་ཡོང་བསྡད་ཀྱི་རེད། དཔེར་ན། དཔེ་ཤག་ཉུང་ཉུང་མ་གཏོགས་མེད་ནའང་ཨིན་ཝེསཊ་(Invest) ཡག་པོ་བྱེད་ཤེས་ན་མ་འོངས་པར་འཕེལ་འགྲོ་གི་འདུག དེ་འདྲ་ཡིན་དུས་དགེ་བ་དེ་བསྔོ་བ་དང་སྨོན་ལམ་གྱིས་རྩིས་ཟིན་དགོས་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག  །ཚང་མ་ལ་ཐུགས་རྗེ་ཆེ།"
 ཞེས་གསུངས་སོ། །

དེ་ནས་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་ལྗགས་བསྔོ་རྒྱས་པ་མཛད་པ་ལ་དགེ་འདུན་རྣམས་ཀྱིས་མཐུན་འགྱུར་གནང་། མཐར་མི་ལའི་སྨོན་ལམ་དང་མར་པའི་བཀྲ་ཤིས། སྒར་ཆེན་བཀྲ་ཤིས་སོགས་ཀྱི་ཞལ་འདོན་མཛད་དེ་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་ཉིན་མཐའ་མ་དེ་མཇུག་བསྡུས་སོ། །

བཀའ་སློབ་ཕབ་པ་པོ་དང་གནས་ཚུལ་འབྲི་བ་པོ་གུས་གངས་ལ་ཉི་ཤར་གྱིས་སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༡ ཉིན་བྲིས། 

20250211_Kagyu Monlam_Day7_PM
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་སྐབས་དཔལ་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་སྤར་མཛད་པ།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་སྐབས་དཔལ་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་སྤར་མཛད་པ།

ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །
ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །
འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །
བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།།
       ཞེས་སྒོ་གསུམ་རབ་གུས་དྭངས་བས་ཀ་དག་ཆོས་ཉིད་ལས་མ་གཡོས་བར་ཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་པ་ལ་རྩལ་བརྙེས་ཤིང་མཆོག་ཏུ་བསྔགས་པ་དཔལ་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་མཆོད་བརྗོད་སྔོན་དུ་བཏང་ནས།
      དེ་ཡང་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གཞལ་མེད་ཀྱི་རྣམ་དཀར་ཚོགས་ཆེན་གྱི་སྐལ་བཟང་གི་སྐབས་དང་བསྟུན་ནས། དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་བཅུད། ཕྲིན་ལས་ཀྱི་བྱེད་པོ། མངའ་བདག་ཡབ་སྲས་རྣམས་དང་ཐུགས་རྒྱུད་གཉིས་སུ་མེད་པ། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་བརྩེ་ཆེན་པོའི་བཀའ་དགོངས་བཞིན་དུ་གཤིན་པོ་ཚེ་ལས་འདས་པ་རྣམས་ལས་ངན་སྡིག་ལྟུང་ཐམས་ཅད་དག་པར་སྦྱངས་ཏེ། རིམ་བཞིན་གཏན་བདེ་བླ་ན་མེད་པའི་གོ་འཕང་རྣམ་མཁྱེན་རྒྱལ་བའི་དཀྱིལ་འཁོར་ལ་འཇུག་པའི་ཆེད་དུ་དམིགས་ཏེ། ཉིན་ཤས་ཀྱི་རིང་ལ་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་བསྒྲུབས་ནས་སྨོན་ལམ་གྱི་ཉིན་མཐའ་མར་བྱང་ཆོག་སྤར་སྲོལ་ཡོད་པ་ལྟར། 
      འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པ་ལ་ཡང་མཆོག་སྤྲུལ་ཨ་འཛིན་རིན་པོ་ཆེ་དང་སྤྲུལ་སྐུ་རིན་འབྱུང་རྣམ་གཉིས་གཙོས་པའི་བཅོམ་ལྡན་མགོན་པོ་མི་འཁྲུགས་པའི་ཆོ་གའི་བསྙེན་སྒྲུབ་ལེགས་པར་མཐར་ཕྱིན་པའི་སྒྲུབ་བླ་བཞི་བཅུ་ལྷག་གིས་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་དཔལ་བཅོམ་ལྡན་མགོན་པོ་མི་འཁྲུགས་པའི་ཆོ་གའི་སྒོ་ནས། སྤྱིར་ལྷག་བསམ་གངས་རི་ལྟར་དཀར་ཞིང་། དད་གུས་རྡོ་རྗེ་བཞིན་དུ་བརྟན་པའི་བཀའ་བརྒྱུད་སྨོན་ལམ་དང་འབྲེལ་ཐོགས་ཀྱི་གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་པོ་རྣམས་ཀྱི་ཐོག་དྲངས་འགྲོ་བ་སེམས་ཅན་ཀུན་གྱི་སྡིག་ལྟུང་མ་ལུས་པ་སྦྱོང་ཞིང་ལུགས་གཉིས་ཀྱི་བསམ་པའི་འདོན་དོན་དང་བྱ་བཞག་ཐམས་ཅད་གེགས་མེད་བདེ་བླག་ཏུ་འགྲུབ་པ་དང་། བྱེ་བྲག་ཏུ་འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གྱུར་པའི་གཤིན་པོ་རྣམས་ཡ་ང་བའི་བར་དོའི་འཁྲུལ་སྣང་འཇིགས་སྐྲག་དང་ངན་སོང་གི་སྡུག་བསྔལ་ལས་མྱུར་དུ་ཐར་ནས་སྐྱེ་བ་དང་ཚེ་རབས་ཀུན་ཏུ་སྟོན་པ་དང་བསྟན་པའི་རྗེས་སུ་འཛིན་པའི་སླད་དུ་ཐུགས་བསྐྱེད་སྨོན་ལམ་དམིགས་རིམ་ཟབ་རྒྱས་ཀྱི་སྒོ་ནས་གཏེར་སྒར་དགོན་གྱི་གཙུག་ལག་ཁང་གི་མདུན་ཕྱོགས་སུ་བྱང་ཆོག་སྤར་གནང་བཞིན་པའི་སྣང་བརྙན་ལགས་སོ། ། 
                                   མཐར། དེ་ཡང་ཇི་སྐད་དུ།
བདག་ཅག་དེང་ནས་སྐྱེ་བ་ཐམས་ཅད་དུ། །
ཕ་རོལ་ཕྱིན་བཅུའི་དཔལ་ལ་ལོངས་སྤྱོོད་ཅིང་། །
རྣམ་གསུམ་སྒྲིབ་པའི་ཚོགས་རྣམས་དྲུང་ཕྱུང་ནས། །
མི་འཁྲུགས་མགོན་པོའི་གོ་འཕང་ཐོབ་པར་ཤོག ། 
ཅེས་གསུང་པ་དེ་དེ་བཞིན་དུ་འགྲུབ་པར་ཤོག །
 སྤྱི་ལོ་༢༠༢༥/༢/༡༡ ཉིན་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཕྲན་རྒྱལ་ལོ་བཀྲ་ཤིས་ནས་རགས་བསྡུས་སུ་བྲིས་པ་དགེའོ།

2025.02.11 Cotton-Clad Procession
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་སྐབས་དཔལ་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་སྤར་མཛད་པ། 

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་སྐབས་དཔལ་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་སྤར་མཛད་པ། 

ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །
ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །
འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །
བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།།
       ཞེས་སྒོ་གསུམ་རབ་གུས་དྭངས་བས་ཀ་དག་ཆོས་ཉིད་ལས་མ་གཡོས་བར་ཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་པ་ལ་རྩལ་བརྙེས་ཤིང་མཆོག་ཏུ་བསྔགས་པ་དཔལ་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་མཆོད་བརྗོད་སྔོན་དུ་བཏང་ནས།
      དེ་ཡང་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གཞལ་མེད་ཀྱི་རྣམ་དཀར་ཚོགས་ཆེན་གྱི་སྐལ་བཟང་གི་སྐབས་དང་བསྟུན་ནས། དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་བཅུད། ཕྲིན་ལས་ཀྱི་བྱེད་པོ། མངའ་བདག་ཡབ་སྲས་རྣམས་དང་ཐུགས་རྒྱུད་གཉིས་སུ་མེད་པ། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་བརྩེ་ཆེན་པོའི་བཀའ་དགོངས་བཞིན་དུ་གཤིན་པོ་ཚེ་ལས་འདས་པ་རྣམས་ལས་ངན་སྡིག་ལྟུང་ཐམས་ཅད་དག་པར་སྦྱངས་ཏེ། རིམ་བཞིན་གཏན་བདེ་བླ་ན་མེད་པའི་གོ་འཕང་རྣམ་མཁྱེན་རྒྱལ་བའི་དཀྱིལ་འཁོར་ལ་འཇུག་པའི་ཆེད་དུ་དམིགས་ཏེ། ཉིན་ཤས་ཀྱི་རིང་ལ་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་བསྒྲུབས་ནས་སྨོན་ལམ་གྱི་ཉིན་མཐའ་མར་བྱང་ཆོག་སྤར་སྲོལ་ཡོད་པ་ལྟར། 
      འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པ་ལ་ཡང་མཆོག་སྤྲུལ་ཨ་འཛིན་རིན་པོ་ཆེ་དང་སྤྲུལ་སྐུ་རིན་འབྱུང་རྣམ་གཉིས་གཙོས་པའི་བཅོམ་ལྡན་མགོན་པོ་མི་འཁྲུགས་པའི་ཆོ་གའི་བསྙེན་སྒྲུབ་ལེགས་པར་མཐར་ཕྱིན་པའི་སྒྲུབ་བླ་བཞི་བཅུ་ལྷག་གིས་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་དཔལ་བཅོམ་ལྡན་མགོན་པོ་མི་འཁྲུགས་པའི་ཆོ་གའི་སྒོ་ནས། སྤྱིར་ལྷག་བསམ་གངས་རི་ལྟར་དཀར་ཞིང་། དད་གུས་རྡོ་རྗེ་བཞིན་དུ་བརྟན་པའི་བཀའ་བརྒྱུད་སྨོན་ལམ་དང་འབྲེལ་ཐོགས་ཀྱི་གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་པོ་རྣམས་ཀྱི་ཐོག་དྲངས་འགྲོ་བ་སེམས་ཅན་ཀུན་གྱི་སྡིག་ལྟུང་མ་ལུས་པ་སྦྱོང་ཞིང་ལུགས་གཉིས་ཀྱི་བསམ་པའི་འདོན་དོན་དང་བྱ་བཞག་ཐམས་ཅད་གེགས་མེད་བདེ་བླག་ཏུ་འགྲུབ་པ་དང་། བྱེ་བྲག་ཏུ་འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གྱུར་པའི་གཤིན་པོ་རྣམས་ཡ་ང་བའི་བར་དོའི་འཁྲུལ་སྣང་འཇིགས་སྐྲག་དང་ངན་སོང་གི་སྡུག་བསྔལ་ལས་མྱུར་དུ་ཐར་ནས་སྐྱེ་བ་དང་ཚེ་རབས་ཀུན་ཏུ་སྟོན་པ་དང་བསྟན་པའི་རྗེས་སུ་འཛིན་པའི་སླད་དུ་ཐུགས་བསྐྱེད་སྨོན་ལམ་དམིགས་རིམ་ཟབ་རྒྱས་ཀྱི་སྒོ་ནས་གཏེར་སྒར་དགོན་གྱི་གཙུག་ལག་ཁང་གི་མདུན་ཕྱོགས་སུ་བྱང་ཆོག་སྤར་གནང་བཞིན་པའི་སྣང་བརྙན་ལགས་སོ། ། 
                                   མཐར། དེ་ཡང་ཇི་སྐད་དུ།
བདག་ཅག་དེང་ནས་སྐྱེ་བ་ཐམས་ཅད་དུ། །
ཕ་རོལ་ཕྱིན་བཅུའི་དཔལ་ལ་ལོངས་སྤྱོོད་ཅིང་། །
རྣམ་གསུམ་སྒྲིབ་པའི་ཚོགས་རྣམས་དྲུང་ཕྱུང་ནས། །
མི་འཁྲུགས་མགོན་པོའི་གོ་འཕང་ཐོབ་པར་ཤོག ། 
ཅེས་གསུང་པ་དེ་དེ་བཞིན་དུ་འགྲུབ་པར་ཤོག །
 སྤྱི་ལོ་༢༠༢༥/༢/༡༡ ཉིན་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཕྲན་རྒྱལ་ལོ་བཀྲ་ཤིས་ནས་རགས་བསྡུས་སུ་བྲིས་པ་དགེའོ།

20250210_Akshobhya puja
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས ༣༩ པའི་སྐབས་གནས་བརྟན་བཅུ་དྲུག་གདན་འདྲེན་དང་བསོད་སྙོམས་འབུལ་བ། 

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས ༣༩ པའི་སྐབས་གནས་བརྟན་བཅུ་དྲུག་གདན་འདྲེན་དང་བསོད་སྙོམས་འབུལ་བ། 

ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༠ ཉིན།
སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་ཉིན་རེ་སྨོན་ལམ་གྱི་མཛད་རིམ་འཆར་ཅན་ལྟར། སྐྱབས་གནས་དགེ་འདུན་པ་གྲྭ་བཙུན་སྤྱི་དང་སྨོན་ལམ་ཚོགས་བཅར་བ་དད་ལྡན་མི་དམངས་རྣམས་སྨོན་ལམ་གྱི་ཆོས་རྭ་ཆེན་མོར་འདུས་པ་ན། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་བསྩལ། དགེ་སློང་བརྒྱ་ཕྲག་བཞི་ཙམ་སྨོན་ལམ་ཆོས་རའི་ཉེ་འགྲམ་གཏེར་སྒར་དགོན་དུ་ཕེབས་ཤིང་། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་སྐུ་མདུན་ནས་ཐེག་པ་ཆེན་པོ་གསོ་སྦྱོང་སྡོམ་པ་བླངས་ཏེ་འཕགས་པའི་གནས་བརྟན་བཅུ་དྲུག་གདན་འདྲེན་དང་། ལྷན་དུ་བསོད་སྙོམས་ཀྱི་མཛད་རིམ་ལ་ཕེབས་རྒྱུའི་སྟ་གོན་ལ་ཞུགས། 

སྤྱིར་༧གནས་བརྟན་བཅུ་དྲུག་གདན་འདྲེན་དང་བསོད་སྙོམས་འབུལ་རྒྱུའི་མཛད་རིམ་ནི། ༧རྒྱལ་དབང་ཀརྨ་པ་བཅུ་བདུན་པའི་ཐབས་མཁས་ཀྱི་དགོངས་པ་རྨད་དུ་བྱུང་བ་བརྟེན་ནས་བྱུང་བའི་ལོ་རེའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་མཛད་སྒོ་གལ་ཆེན་ཞིག་ཡིན། དོན་སྙིང་ཅན་གྱི་མཛད་རིམ་ཟབ་མོ་དེ་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་དམངས་རྣམས་སྔོན་སྟོན་པ་བཅོམ་ལྡན་འདས་དང་གང་གི་འཁོར་དགེ་སློང་སོོགས་རབ་ཏུ་བྱུང་བ་རྣམས་ཀྱི་རྣམ་ཐར་ཡིད་ལ་རབ་ཏུ་རྗེས་སུ་དྲན་ནས་དད་པའི་མིག་ཆུ་ཤོར་བ་སོགས་དོན་ཐོག་ལ་དད་ལྡན་དང་བ་འདྲེན་པ་མངོན་སུམ་དུ་འགྱུར་ཡོད། 

གནས་བརྟན་བཅུ་དྲུག་ནི། 
ཇི་སྐད་དུ། དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱིས་བཀྲ་ཤིས་ཤོག། །ཅེས་གསུངས་པ་ལྟར། སྔོན་སྟོན་པ་བཅོམ་ལྡན་འདས་ཤཀྱཱ་ཐུབ་པའི་དབང་པོའི་བསྟན་པ་འདིར། སྟོན་པའི་རྗེས་འཇུག་མཆོག་ཟུང་གཉིས་སོོགས་སློོབ་མ་གྲངས་ལས་འདས་པ་ཕེབས་པ་ལས། འཕགས་པའི་གནས་བརྟན་ཡན་ལག་བྱུང་དང་། གནས་བརྟན་མ་ཕམ་པ་སོགས་གནས་བརྟན་དགེ་སློང་མཆོག་ཏུ་གྱུར་པ་བཅུ་དྲུག་གིས་སྟོན་པ་སངས་རྒྱས་ཤཀྱཱ་ཐུབ་པའི་བསྟན་པ་འདི་ཉིད་འཇིག་རྟེན་ཁམས་སུ་དུས་ཇི་སྲིད་པར་གནས་པ་དེ་སྲིད་དུ་བསྟན་པ་སྐྱོང་བ་དང་འགྲོ་བའི་དོན་མཛད་པའི་ཐུགས་བསྐྱེད་སྨོན་ལམ་གཞན་དང་མི་འདྲ་བའི་རླབས་པོ་ཆེ་མཛད། ཐུགས་བསྐྱེད་མཛད་པ་དེ་བཞིན་ད་ལྟ་ཡང་འཕགས་པའི་གནས་བརྟན་དེ་དག་རྣམས་འཛམ་བུ་གླིང་གི་གནས་བྱ་རྒོད་ཕུང་པོའི་རི་བོ་དང་། ཏི་སེ་རྣམས་དང་། དེ་བཞིན་བྱང་གི་སྒྲ་མི་སྙན་སོགས་གླིང་གཞན་ལ་འཁོར་དགྲ་བཅོམ་པ་དུ་མ་དང་ལྷན་དུ་བཞུགས་ནས་བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་བཞིན་ཡོད། 

དེ་ལ་བརྟེན་ནས་སྔར་རྒྱ་ནག་དང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གང་ཟག་ཁྱད་པར་དུ་འཕགས་པ་འགའ་ཞིག་གིས་འཕགས་པའི་གནས་བརྟན་བཅུ་དྲུག་དངོས་སུ་གདན་འདྲེན་མཛད་པར་བཤད་སྲོལ་ཡོད་ཅིང་། དཔེར་ན། ཐང་རྒྱལ་རབས་ཀྱི་གོང་མ་ཐའི་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་འདྲེན་ནས་ཟླ་བ་ཁ་ཤས་བཞུགས་ཡོད་པར་བཤད་པ་དང་། ཡང་བོད་དུ་ཇོ་བོ་རྗེ་བྲག་ཡེར་བར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ནས་འབྲོམ་སྟོན་པས་གསོལ་སྟོན་ཞུས་པའི་ལོ་རྒྱུས་བཤད་དུ་ཡོད་། ཕྱིས་སུ་བོད་ལ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་སྒར་ཆེན་སྨོན་ལམ་ཆེན་མོ་ཚོགས་སྐབས། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞལ་འབག་དང་ན་བཟའ་བསྣམས་ཏེ་གདན་འདྲེན་བྱེད་པའི་ལམ་སྲོལ་བཟང་པོ་ཡོད་པར་གྲགས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པའི་སྲོལ་བཟང་འདི་ཉིད་བར་སྐབས་སུ་གནས་སྟངས་ཀྱིས་རྐྱེན་པས་ཅུང་ཉམས་པ་བྱུང་མོད། ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་༧རྒྱལ་མཆོག་ཀརྨ་པ་བཅུ་བདུན་པའི་ཐུགས་བསྐྱེད་ཉག་ཅིག་ལས་བཀའ་བརྒྱུད་སྨོན་ལམ་སྐབས་སུ་གནས་བརྟན་ཆེན་པོའི་སྐུ་འབག་གདན་འདྲེན་ཞུ་བའི་སྲོལ་བཟང་སླར་གསོ་མཛད་ནས། ལོ་ལྟར་བཞིན་སྨོན་ལམ་ཆེན་མོའི་སྐབས་སུ་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་འབག་གདན་འདྲེན་མཛད་བཞིན་ཡོད། 

དགེ་སློང་རྣམས་ལ་བསོད་སྙོམས་ཕུལ་བ་ནི། 
སྔོན་སྟོན་པ་སངས་རྒྱས་ཀྱིས་བསྟན་པ་དང་སྟོན་པ་གཉིས་ཀར་ཡིན་པར་གསུངས་པའི་དམ་ཆོས་འདུལ་བའི་ནང་དུ་རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དང་འབྲེལ་བའི་ལས་རིམ་བཟང་པོ་ཞིག་ཏེ། དེ་ཡང་སྤྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་སློབ་མ་རབ་ཏུ་བྱུང་བ་རྣམས་འཚོ་བ་བསོད་སྙོམས་ལ་སྤྱོད་དགོས་པར་བཅས་པ་མཛད་ནས། སྟོན་པ་ཞལ་བཞུགས་པའི་སྐབས་སུ་རྒྱ་གར་དུ་རབ་བྱུང་རྣམས་ཀྱིས་འཚོ་བ་ནི་བསོད་སྙོམས་ཁོ་ནར་སྤྱོད་ཡོད། དེ་ལ་བརྟེན་ནས་དགེ་སློང་སོགས་རབ་ཏུ་བྱུང་བ་རྣམས་བསོད་སྙོམས་ཀྱི་ཆེད་དུ་ཕེབས་པ་ན། སྔ་དྲོའི་ཆར་རབ་ཏུ་བྱུང་བ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བའི་རིམ་པ་དག་ལེགས་པར་བསྒྲུབས་ཏེ་ཉི་ཤར་ཙམ་ན་གྲོང་དང་གྲོང་ཁྱེར་རྣམས་ལ་བསོད་སྙོམས་སུ་ཕེབས་སྲོལ་ཡོད། དེའི་ཚེ་དད་ལྡན་མི་དམངས་ནས་རང་ལ་གང་འབྱོར་གྱི་བསོད་སྙོམས་ཕུལ་ནས་རྣམ་དཀར་དགེ་བའི་ཚོགས་རྒྱ་ཆེན་པོ་གསོག་པའི་སྐལ་བ་བཟང་པོ་ཆགས་ཀྱི་ཡོད། མ་ཟད་དེང་གི་དུས་སུའང་གནས་བརྟན་སྡེ་པའི་ཆོས་བརྒྱུད་དར་བའི་རྒྱལ་ཁབ་ཐའི་ལན་ཌ་སོགས་ལ་རབ་བྱུང་རྣམས་སྔར་སྟོན་པ་ཞལ་བཞུགས་པའི་སྐབས་བཞིན་འཚོ་བ་བསོད་སྙོམས་ཁོ་ན་ལ་སྤྱོད་བཞིན་ཡོད། ཕྱིས་བོད་ཡུལ་སོགས་བོད་བརྒྱུད་ནང་བསྟན་དར་བའི་ས་ཆར་འཁོར་ཡུག་སྤྱི་ཚོགས་ཀྱི་དབང་གིས་རབ་བྱུང་རྣམས་ཉིན་རེའི་འཚོ་བ་བསོད་སྙོམས་ཁོ་ན་ལ་སྤྱོད་ཐུབ་པ་བྱུང་མེད། 

འོན་ཀྱང་སྙིགས་མའི་དུས་འདིར་༧རྒྱལ་དབང་ཀརྨ་པ་མཆོག་ནས་དད་ལྡན་སྐྱེ་བོ་རྣམས་ཀྱི་མིག་ལམ་དུ་དམ་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་སྔར་སྟོན་པ་ཞལ་བཞུགས་པའི་སྐབས་བཞིན་མཇལ་ནས། སྟོན་པ་འཁོར་དང་བཅས་པ་ཡིད་དད་པས་རབ་ཏུ་རྗེས་སུ་དྲན་པ་དང་། ཀུན་གྱི་རྒྱུད་ལ་ཐར་པ་མྱ་ངན་ལས་འདས་པའི་ས་བོན་བསྐྲུན་པའི་ཆེད་དུ། སྤྱིར་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་སུ་རབ་ཏུ་བྱུང་བ་རྣམས་དབུ་སྐྲ་བྲེག་པ་དང་། ལུས་ལ་གདིང་བ་དང་ཆོས་གོས་རྣམ་གསུམ་རྣམས་ཚུལ་བཞིན་དུ་བསྣམས་དགོས་པ་སོགས་དམ་ཆོས་འདུལ་བ་གཞིར་བཟུང་མཛད་དགོས་པའི་བཀའ་བཟང་ཕེབས་ཤིང་། དམིགས་བསལ་དུ་སྨོན་ལམ་གྱི་ཉིན་གཅིག་ལ་དགེ་སློང་གི་དགེ་འདུན་རྣམས་ལ་བསོད་སྙོམས་ཕུལ་བའི་གལ་གནད་ཅན་གྱི་མཛད་རིམ་ཆེད་སྒྲིག་གི་བཀའ་དྲིན་བསྐྱངས། ༧རྒྱལ་མཆོག་གང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྨོན་ལམ་ལ་མཉམ་ཞུགས་གནང་བའི་དགེ་སློང་རྣམས་ཆོས་གོས་རྣམ་གསུམ་ལེགས་པར་བསྣམས་ནས་ངེས་ཅན་གྱི་ས་གནས་སུ་བསོད་སྙོམས་ལ་ཕེབས་པའི་ཚུལ་མཛད་པ་ན། དད་ལྡན་སྐྱེ་བོ་རྣམས་མཇལ་བ་ཙམ་གྱིས་སེམས་དད་པས་རབ་ཏུ་གཡོས་ནས་མིག་ཏུ་མཆི་མ་འཁྲུག། །དེ་འདྲའི་བསྐལ་བ་བཟང་བ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་ནི་གྲངས་ལས་འདས་པ་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན།  

ལོ་འདིར་ཡང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཉིན་དྲུག་པའི་སྔ་དྲོར་སྨོན་ལམ་ཆོས་རྭར་དམངས་དགེ་འདུན་པ་དང་ཚོགས་བཅར་བ་ཡོངས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས་ནས། རྒྱུན་ལྡན་བཞིན་ལེགས་སྦྱར་སྐད་ཐོག་ནས་མཆོག་གསུམ་ལ་སྐྱབས་འགྲོ་དང་དཀོན་མཆོག་རྗེས་དྲན་སོགས་ཞལ་འདོན་རྣམས་གསུངས། དེ་ནས་གནས་བརྟན་བཅུ་དྲུག་གི་གདན་འདྲེན་གྱི་མཛད་སྒོ་དང་འབྲེལ་བས་འདུས་པ་ཡོངས་ནས་གནས་བརྟན་ཕྱག་མཆོད་ཀྱི་ཞལ་འདོན་དབུ་ཚུགས། ཞལ་འདོན་གྱི་འཕྲོ་སྤྱན་འདྲེན་གྱི་སྐབས་སུ་སླེབ་པ་ན། སྟོན་པ་བཅོམ་ལྡན་འདས་བཞེངས་ནས་བཞུགས་པའི་སྐུ་འདྲ་མཐོང་གྲོལ་རིན་པོ་ཆེ་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་འབག །དེ་བཞིན་དགེ་སློང་བརྒྱ་ཕྲག་དུ་མ་བཅས་གཏེར་སྒར་དགོོན་གྱི་འདུ་ཁང་ཆེན་མོ་ནས་རྒྱ་གླིང་དང་སྤོས་སྣ་བཅས་སེར་སྦྲེང་ཟབ་རྒྱས་ཀྱིས་བསུས་ཏེ་ཕེབས། སྟོན་པ་འཁོར་དང་བཅས་པ་གཏེར་སྒར་དགོན་གྱི་གཡས་ཕྱོགས་ནས་དལ་གྱིས་རྒྱབ་ཕྱོགས་སུ་ཕེབས་ཤིང་། སྨོན་ལམ་ཆེན་མོའི་ཆོས་རའི་གཡས་ཕྱོགས་བརྒྱུད་ཤར་གྱི་རྒྱ་སྒོའི་ཆེན་མོ་ནས་ཞུགས་ཏེ་ཆོས་རའི་དབུས་ཀྱི་གར་སྟེགས་སུ་བཞུགས་སུ་གསོལ། དེའི་སྐབས་ཕེབས་ལམ་གྱི་གཡས་གཡོན་གཉིས་སུ་དད་ལྡན་སྐྱེ་བོ་གྲངས་ལས་འདས་པའི་ཕྱག་ཏུ་མེ་ཏོག་དང། ཁ་བཏགས། བདུག་སྤོས་སོགས་ཁྱེར་ནས་ཕེབས་བསུ་དང་མཇལ་ཁ་ཞུས། ཆོས་རའི་ནང་དུ་བཞུགས་པའི་དགེ་འདུན་པ་ཀུན་ཡང་བཞེངས་ཤིང་སིལ་སྙན་དང་རྒྱ་གླིང་གིས་བསུས། 

སྨོན་ལམ་ཆོས་རའི་དབུས་ཀྱི་ངོས་ལ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲི་པ་ཆེན་པོ་མཆོག་མཐོང་གྲོལ་ལས་ཞྭ་བསྣམས་ཏེ་བཞུགས། སྟོན་པའི་སྐུ་འདྲ་མཐོང་གྲོལ་རིན་པོ་ཆེ་དང་གནས་བརྟན་བཅུ་དྲུག་སྐུ་འབག། དེ་བཞིན་དགེ་སློང་རྣམས་ཆོས་རའི་དབུས་སུ་དལ་གྱིས་ཕེབས་གྲུབ་པ་ན། མདུན་ཕྱོགས་སུ་སྟོན་པའི་སྐུ་འདྲ་མཐོང་གྲོལ་དབུས་དང་གནས་བརྟན་རྣམས་ཞལ་ཤར་ལ་ཕྱོགས་ཤིང་གཡས་གཡོན་གཉིས་སུ་བགོས་ཏེ་བཞུགས། དགེ་སློང་རྣམས་ལས་འགའ་ཞིག་སྟོན་པ་དང་གནས་བརྟན་བཅུ་དྲུག་གི་རྒྱབ་ཕྱོགས་ནས་གྲལ་ཚར་དུ་དངར་བར་བྱས་ཏེ་བཞུགས་ཤིང་། འགའ་ཞིག་ནི་འཕགས་པའི་གནས་བརྟན་བཞུགས་སའི་རྒྱབ་ངོས་སུ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོའི་གཡས་གཡོན་གཉིས་ནས་བཞུགས། མདོར་ན་སྟོན་འཁོར་ཐམས་ཅད་ཁྲོམ་ཚོགས་བཞིན་དུ་བཞུགས་ནས་དད་ལྡན་སེར་སྐྱ་མི་དམངས་ཡོངས་ལ་རབ་ཏུ་དང་བ་འདྲེན་པའི་དཀྱིལ་འཁོར་དུ་གྲུབ། 

དེ་ནས་དབུ་མཛད་ཀྱིས་འགོ་འདྲེན་ནས་དེར་འདུས་པ་ཡོངས་ནས་གདངས་སྙན་མོས་སྤྱན་འདྲེན་དང་བཞུགས་གསོལ། ཁྲུས་གསོལ་དང་། གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་ལྷག་འཕྲོའི་ཞལ་འདོན་རྣམས་གསུངས། སྟོན་པ་ཤཀྱཱ་ཐུབ་པའི་མཚན་སྔགས་འདོན་བཞིན་བསོད་སྙོམས་འབུལ་བའི་ལས་རིམ་དབུ་ཚུགས། དེ་ཡང་ཐོག་མར་མཚུར་ཕུ་བླ་བྲང་། དཔལ་སྤུངས་བླ་བྲང་། རྒྱལ་ཚབ་བླ་བྲང་། འཇམ་མགོན་བླ་བྲང་སོགས་གདན་ས་དང་དགོན་སྡེ་ཁག་རྣམས་ནས་ཕུལ། དེ་ནས་རིམ་པ་བཞིན་དད་ལྡན་སེར་སྐྱ་མི་དམངས་རྣམས་ནས་ཕུལ། དགེ་སློང་རྣམས་ཀྱི་གུང་ཚིགས་ཀྱང་སྨོན་ལམ་ཆོས་ར་ལ་བཞེས། བསོད་སྙོམས་འབུལ་རྒྱུ་མཛད་རིམ་གྲུབ་རྗེས་ཚོགས་གྲོལ་ནས་དམངས་དགེ་འདུན་པ་རྣམས་གུང་ཚིགས་ཞལ་ལག་རོལ་ལོ། །

གནས་ཚུལ་སྙིང་བསྡུས་ཤིག་གངས་ལ་ཉི་ཤར་ནས་བྲིས།

20250210_Sixteen Arhat Procession
༧སྐྱབས་རྗེ་ཨ་དཀོན་རིན་པོ་མཆོག་གི་རྗེས་དྲན་ཟས་སྦྱིན་ཚོགས་པས་ཟས་སྦྱིན་ཐེངས་བཅུ་གཅིག་པ་དབུ་ཚུགས་པ།

༧སྐྱབས་རྗེ་ཨ་དཀོན་རིན་པོ་མཆོག་གི་རྗེས་དྲན་ཟས་སྦྱིན་ཚོགས་པས་ཟས་སྦྱིན་ཐེངས་བཅུ་གཅིག་པ་དབུ་ཚུགས་པ།

༧སྐྱབས་རྗེ་ཨ་དཀོན་རིན་པོ་ཆེ་ནི་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་མཆོག་གི་བཀའ་དགོངས་གཙུག་ཏུ་བཀུར་ཞིང་། གང་ནུས་ཅི་ལྕོགས་ཀྱིས་བཀའ་བཞིན་སྒྲུབ་མཛད་མཁན་ཞིག་ཡིན་ལ། རྒྱལ་བ་བཀའ་བརྒྱུད་པའི་བསྟན་པ་དང་སེམས་ཅན་ལ་མཛད་རྗེས་རླབས་ཆེན་ཅན་ཞིག་ཀྱང་ཡིན།
ཁོང་ནི་ཕྱི་ལོ་ ༡༩༣༩ ལོར་བོད་ཤར་ཕྱོགས་ཁམས་རི་བོ་ཆེར་སྐུ་འཁྲུངས་པ་ནས་ཕྱིས་དུས་ཀྱི་འཕོ་འགྱུར་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ། རྒྱལ་དབང་རིག་པའི་རྡོ་རྗེའི་བཀའ་དགོངས་ལྟར་དབྱིན་ཡུལ་ལ་ཕེབས། སྤྱི་ལོ་ ༡༩༦༧ ལོར་དབྱིན་ཡུལ་བསམ་ཡས་གླིང་དུ་བསམ་ཡས་གླིང་བོད་པའི་ཆོས་ཚོགས་ཞེས་པ་གསར་དུ་བསྐྲུན་ཏེ་བོད་བརྒྱུད་ནང་བསྟན་སྤྱི་དང་། བྱེ་བྲག་ཏུ་བཀའ་བརྒྱད་པའི་བསྟན་པ་རྒྱ་ཆེར་དར་སྤེལ་གནང་། དེ་ཙམ་མ་ཟད་རྒྱལ་སྤྱིའི་རོགས་པ་ཚོགས་པ་གསར་འཛུགས་གནང་ཏེ། བོད་ནང་དང་། ཨ་ཧྥི་རི་ཀ།།བལ་ཡུལ་གཙོས་པའི་ཡུལ་གྲུ་མང་པོ་ཞིག་ལ་དྭ་ཕྲུག་སློབ་གྲྭ་མང་པོ་གསར་འཛུགས་གནང་ཏེ། ཉམས་ཐག་པའི་དྭ་ཕྲུག་མང་པོ་ཞིག་ལ་དེང་དུས་ཀྱི་ཤེས་ཡོན་སྦྱོང་བའི་གོ་སྐབས་དང་ལྷན་དུ་བོད་བརྒྱུད་ནང་བསྟན་ལ་ཡང་གོ་རྟོགས་ཡོད་པ་མཛད་པའི་སྒོ་ནས། དྲིན་ཆེན་ཕ་མ་མེད་པའི་དྭ་ཕྲུག་དུ་མ་ཞིག་ལ་ཤེས་རབ་ཀྱི་མིག་དང་ལྡན་པའི་འོད་སྟོང་འཕྲོས་པའི་མདུན་ལམ་གསར་པ་ཞིག་སྟེར་གནང་ཡོད། དེ་བཞིན་དུ་དམ་པ་ཁོང་གིས་༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོ་སྤྲུལ་པའི་ཡང་སྲིད་བཙལ་དཔྱད་སྐབས་སུ་ཡང་སྐུ་ངལ་མཛད་མེད་གནང་ཡོད་པ་མ་ཟད། དུས་རྟག་ཏུ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་མཆོག་ལ་དད་གུས་དང་དམ་ཚིག་ལྡན་པའི་སྒོ་ནས་བཀའ་བཞིན་སྒྲུབ་མཁན་ཞིག་སྟབས། དམ་པ་ཁོང་གི་སྐུ་གཤེགས་པའི་རྗེས་དྲན་དང་འཁྲུལ་མེད་ཡང་སྲིད་རིན་པོ་མྱུར་དུ་འབྱོན་པའི་སླད་དུ་དམིགས་ཏེ། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་གསང་གསུམ་ཕྲིན་ལས་ཀྱི་ཆ་ཤས། རླབས་ཆེན་གྱི་དགོངས་བཞེད་དང་བླ་ན་མེད་པའི་དབུ་ཁྲིད་འོག་ནས། གཟུར་གནས་རིས་མེད་དམ་པ་ཀུན་གྱིས་ཡི་རང་གི་མཆོད་པའི་མེ་ཏོག་འབུལ་ཡུལ་དུ་གྱུར་པའི་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཞེས་མཇལ་བ་ཙམ་གྱིས་གུས་པའི་མེ་ལྕེ་འབར། དད་པའི་མིག་ཆུ་ཤོར་སའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་ལ། སྲི་ཞུ་ཞབས་ཏོག་གི་རྒྱུ་རུ་འགྲོ་བ་དང་། བཀའ་བརྒྱུད་པའི་བསྟན་པའི་སྲོག་ཤིང་རྒྱལ་བ་ཡབ་སྲས་རྣམས་སྐུ་མི་འགྱུར་རྡོ་རྗེའི་རང་ཁམས་བརྟན་པ་དང་ཕྲིན་ལས་རྒྱུན་ཆད་མེད་པར་བརྒྱུད་པའི་དོན་དུ་སྨིན་ནས། སྤྱི་ལོ་ ༢༠༡༤ ལོར་དབུ་བཙུགས་ཏེ། ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འགན་འཛིན་བླ་མ་ཆོས་གྲགས་དང་། དྲུང་ཆེ་བྱང་ཆུབ་ལགས་ཀྱིས་གོ་སྒྲིག་མཐུན་འགྱུར། དེ་བཞིན་དུ་གཏེར་སྒར་དགོན་གྱིས་རོགས་རམ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་དགེ་འདུན་ཚོགས་པའི་(All India bhikkhu Sanga) འགན་འཛིན་སྐུ་ཞབས་ Bhikkhu Pragyadeep ལགས་ཀྱིས་ཐང་ཐབ་ཚང་ (soup kitchen) ལ་དགའ་སྤྲོ་ཆེན་པོས་ས་ཆ་གྲ་སྒྲིག་གནང་ཡོད་ལ། དེ་དང་ལྷན་དུ་འདི་ལོར་ཨ་ཀོང་རིན་པོ་ཆེ་དང་འབྲེལ་བ་དམ་ཟབ་ཡོད་པའི་སི་པེན་གྱི་རོགས་པ་ཐེབས་རྩ་ཚོགས་པས་དམ་པ་ཁོང་ལ་གུས་བཀུར་དང་ཆེ་བསྟོད་མཚོན་བྱེད་དུ་ཐང་ཐབ་ཁང་(Soup Kitchen) སྣེ་འཁྲིད་དང་གོ་སྒྲིག་གནང་སྟེ། གནས་མཆོག་རྡོ་རྗེ་གདན་ཉེ་འདེབས་སུ་གནས་པའི་བདག་མེད་དབུལ་ཕོངས་ཉམས་ཐག་ཆིག་སྟོང་ལྔ་བརྒྱ་ལྷག་ལ་ཉིན་བདུན་གྱི་རིང་ལ་ཉིན་དགུང་ཞལ་ལག་འབུལ་བཞིན་ཡོད་འདུག །ཏོག་དབྱིབས་ནད་ཡམས་རྗེས་སླར་ཡང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པ་དང་བསྟུན་ནས་ཟས་སྦྱིན་ཐེངས་བཅུ་པ་དབུ་བཙུགས་ཐུབ་ཡོད་པ་བཞིན་དུ། འདིའི་ལོ་ཡང་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དགུ་པ་དང་བསྟུན་ནས་ཉིན་བདུན་གྱི་ཟས་སྦྱིན་ཐེངས་བཅུ་གཅིག་པ་དབུ་བཙུགས་གནང་། སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་། Bhikkhu Pragyadeep སོགས་ཕེབས་འདུག
༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་དབུལ་པོ་རྣམས་རེ་རེ་བཞིན་དུ་ཚ་ལུ་མ་ལག་ཏུ་སྦྱིན་གནང། རིན་པོ་ཆེ་མཆོག་གིས་འགན་འཛིན་དང་། དང་བླངས་བ་ཚོགས་མི་རྣམས་ལ་བཀའ་མོལ་དང་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་གསུང་སྟེ་ཕེབས་སོང།
༧སྐྱབས་རྗེ་ཨ་ཀོང་རིན་པོ་ཆེ་མཆོག་གི་ལྷག་བསམ་དང་སེམས་ཤུགས་ལ་བརྟེན་ནས། མི་མང་པོ་ཞིག་ལ་སེམས་ཤུགས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་ཡོད་ལ། དམ་པ་ཁོང་བློ་གཏད་དད་མོས་ཅན་ཚོས་མི་ཆོས་རིང་ལུགས་ཀྱི་རོགས་རམ་གྱི་ལས་གཞི་སོགས་སྤེལ་བའི་སྒོ་ནས་དམ་པ་ཁོང་གི་མཛད་ཕྲིན་མུ་མཐུད་དུ་སྤེལ་ཏེ་རྒྱུན་སྐྱོང་གནང་བཞིན་ཡོད་ཅེས་གསུངས་སོང།
སླར་སྨྲས་པ།
སྒྲུབ་བརྒྱུད་རྒྱལ་བསྟན་སྤེལ་ལ་ལྷག་བསམ་བརྩེགས། །
མགོན་མེད་ཉམས་ཐག་སྐྱོང་ལ་བྱམས་བརྩེ་རྒྱས། །
སྐྱབས་རྗེ་ཨ་ཀོང་དམ་པ་རྗེས་དྲན་ཞིང་། །
གང་གི་དགྱེས་ཞལ་སླར་ཡང་འཆར་བར་ཤོག །
ཅེས་སྤྱི་ལོ་ ༢༠༢༥/༢/༩ ཉིན་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཕྲན་རྒྱལ་ལོ་བཀྲ་ཤིས་ནས་བྲིས་པ་དགེའོ། །

2025.02.09 Mingyur Rinpoche visits Akong Rinpoche's Soup Kitchen